རྩོམ་ཡིགརིག་གནས།
ཕུགས་འདུན།
ང་ཚོ་སད་རན།
མ་འོངས་བོད་ཀྱི་ཕུགས་འདུན་ལ།།
ང་ཚོ་སད་རན།
མ་འོངས་བོད་ཀྱི་ཕུགས་འདུན་ལ།།
བསྒྲུབ་བྱའི་ལས་ནི་འདི་དག་གོ།།
སྐད་དང་ཡི་གེ་གོམས་སྲོལ་སོགས།།
ཉམས་སུ་མི་འཇུག་རྒྱུད་འཛིན་གལ།།
དཔལ་འབྱོར་ཚོང་ལས་སོ་ནམ་བཅས།།
རང་མགོ་རང་ཐོན་འབད་པར་བྱ།།
མི་ཡི་ཐོབ་ཐང་རང་དབང་སོགས།།
རང་སྐལ་རང་གིས་ལེན་པར་བྱ།།
སྲིད་དང་ཡུལ་གྱི་བདག་དབང་སོགས།།
མེས་པོའི་གཅེས་ནོར་སྲོག་ལྟར་སྲུངས།།
ཞེས་པའི་ཚིགས་སུ་བཅད་པས་སྔོན་བསུས་ནས་མ་འོངས་བོད་ཀྱི་ཕུགས་འདུན་གླེང་བར་བྱ་བ་ལ་འཇུག་གོ།
དེ་ཡང་འཛམ་གླིང་ཡང་རྩེ་རུ་གནས་ཤིང་ཁ་བ་གངས་ལྗོངས་ཀྱི་གཞི་འཛིན་དང་པོ་ཡིན་པའི་གདོང་དམར་བོད་མི་རྣམས་ལ་མཚོན་ན། མཐོ་སྒང་འདིར་ལོ་ངོ་སྟོང་ཕྲག་མང་པོའི་རིང་འཚོ་ཤིང་གནས་པའི་ལོ་རྒྱུས་ལྡན་མོད། ཡིན་ནའང་། འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་དུས་འགྱུར་གྱི་ཉམས་ཆག་བསྟུད་མར་བྱུང་ནས་ང་ཚོའི་མི་རྣམས་གཞིས་ཡུལ་འདིའི་བདག་པོ་ནས་གཡོག་པོ་རུ་གྱུར། ཕ་གཞིས་འདིའི་ཕྱིའི་སྣོད་ཀྱི་འཇིག་རྟེན་གྱི་ངོས་ནས། མཛེས་སྡུག་རྣམ་པར་བཀྲ་བའི་རྩྭ་ཐང་དག་ཀྱང་མྱ་ངམ་ཐང་དུ་བསྒྱུར་བཞིན་པ་དང་། རྔམ་བརྗིད་ལྡན་པའི་གནས་རི་བྱིན་ཅན་དག་གིས་ཀྱང་གཏོར་བཤིག་དང་བཤུ་གཞོག་གི་འོག་ཏུ་ན་ཟུག་གི་འཁུན་སྒྲ་འབྱིན།
ནང་བཅུད་ཀྱི་སེམས་ཅན་གྱི་ངོས་ནས་ཀྱང་། ང་ཚོའི་བུ་རབས་ཚ་རྒྱུད་དག་གི་ཕ་སྐད་སློབ་རྒྱུའི་སྨྲ་ལྕེ་འཕྲོག་ཅིང་མི་ཚེའི་ལྟ་སྤྱོད་གཞན་དུ་བསྒྱུར། ཁོ་ཚོ་ཁྱིམ་ཕ་མ་དང་ཁ་བྲལ་དུ་བཅུག་སྟེ་བོད་རང་གི་སྲོལ་རྒྱུན་རིག་གནས་གཞི་ལ་བཞག་པའི་དྲང་བདེན་གྱི་སློབ་གསོ་མྱོང་རྒྱུའི་གོ་སྐབས་ཡོངས་སུ་འཕྲོག མི་རབས་མང་པོའི་རིང་བོད་ཀྱི་རི་ཀླུང་ཐང་གསུམ་དང་རྟ་ནོར་ལུག་གསུམ་གྱི་བདག་པོར་གྱུར་བའི་ང་ཚོའི་ཕུ་ནུ་མིང་སྲིང་མང་པོ་ཞིག་ཀྱང་ད་ལྟ་རྒྱུས་མེད་གྲོང་ཁྱེར་དག་གི་ལས་གཡོག་ཏུ་གྱུར་ཏེ། ང་ཚོ་ནི་རང་གི་ཕ་མེས་ནས་བརྒྱུད་ཡོང་བའི་གཞིས་ཁྱིམ་དྲོན་མོ་འདིའི་མགྲོན་པོ་ལྟ་བུ་དང་རི་ཡོང་གི་མགྲོན་པོ་དག་ནི་གནས་འདིའི་བདག་པོ་ངོ་མ་ལྟ་བུར་གྱུར།
ང་ཚོའི་གཙུག་ལག་རིག་གནས་ཀྱི་མཛོད་དུ་གྱུར་ཅིང་དད་པའི་མཆོད་ཕྱག་གི་ཡུལ་དུ་གྱུར་བའི་དགོན་སྡེ་དག་ཀྱང་འགྲེམས་སྟོན་ཁང་ལྟར་ལྟད་མོའི་ཡུལ་ཙམ་དུ་བསྒྱུར་དང་འགྱུར་བཞིན་པ་དང་། བོད་མི་དམངས་ཀྱི་མགོན་དང་དཔུང་དུ་གྱུར་བའི་སྐྱེས་ཆེན་རེ་རེས་སྡིག་མུན་ནག་གི་ལོ་ཟླའི་ནང་དུ་ང་ཚོར་རེ་བའི་འོད་སྣང་སྦྱིན་ཅིང་འོངས་ལ། ཁོང་ཅག་རེ་རེའང་ད་ལྟ་རྒ་བའི་ཁུར་གྱིས་ནོན་ཡོད་ནའང་རེ་བའི་སྤྱན་ཟུང་གིས་ང་ཚོ་ལ་མུ་མཐུད་ནས་ཆིག་སྒྲིལ་དང་འབད་བརྩོན་གནང་སྟེ་མཐའ་མའི་རྒྱལ་ཁ་ལེན་རྒྱུར་འབོད་སྐུལ་གནང་བཞིན་ཡོད།
ད་ནི་ང་ཚོའི་མི་རབས་འདི་གཉིད་ལས་སད་རན་ཅིང་། ང་ཚོས་ཕུགས་འདུན་གསར་བ་ཞིག་བཙལ་ནས་གོམ་ཁ་གསར་བ་ཞིག་བསྒྱུར་དགོས་པའི་དུས་ལ་སླེབས་ཡོད། ང་ཚོ་མུ་མཐུད་ནས་འདི་ལྟར་འགྲོ་མི་རུང་། ང་ཚོ་ལ་རྒྱ་ཆེ་བའི་ཐུན་མོང་གི་ཕུགས་འདུན་ཞིག་དགོས། མ་འོངས་པར་ང་ཚོ་ཡང་བསྐྱར་འཛམ་གླིང་འཛིན་མའི་ཡང་རྩེར་གནས་པའི་ས་སྒང་ཆེན་པོ་འདིའི་གཞི་འཛིན་དུ་འགྱུར་དགོས་ལ། ང་ཚོའི་བྱིས་པ་དག་ཕ་མེས་ནས་བརྒྱུད་པའི་སྐད་ཡིག་དང་རིག་གཞུང་ལ་རྒྱུས་མེད་པའི་མགྲོན་པོ་ལྟ་བུར་འགྱུར་དུ་འཇུག་མི་རུང་ཞིང་། དེ་བས་ཀྱང་ང་ཚོ་བོད་ཀྱི་མི་རབས་རྒན་གཞོན་གཉིས་མི་རིགས་གཉིས་ལྟ་བུ་རུ་འགྱུར་མི་རུང་། བྱུང་དང་འབྱུང་བཞིན་པའི་ཉེན་ཁ་འདི་དག་ལ་ང་ཚོས་ཟུར་དུ་ལྟད་མོ་བལྟས་ནས་མི་སྡོད་པར་ང་ཚོ་མི་རེ་རེས་ཡ་ང་བའི་གནས་སྟངས་འདི་བསྒྱུར་ཐབས་ལ་འབད་བརྩོན་བྱ་དགོས། ང་ཚོ་སུ་ཡིན་རུང་ཐུན་མོང་གི་ཁ་ཕྱོགས་ལ་འགྱུར་བ་གཏོང་རྒྱུའི་འགན་འཁུར་ཡོད་ལ་ཁེ་དབང་ཡང་ཡོད། དེ་བས་མེས་པོ་ཚོས་ཆེན་པོ་བོད་ཀྱི་ཡུལ་ཁམས་དཔའ་མཛངས་ཀྱིས་བསྐྱངས་པའི་ལོ་རྒྱུས་ཀྱི་དྲན་པ་ཡིད་ལ་ཉར་ཞིང། ཐུན་མོང་མ་ཡིན་པའི་སྲོལ་དང་རིག་གནས་རྒྱུན་འཛིན་བྱ་དགོས་པའི་ལམ་སྟོན་འོག་ང་ཚོས་དཀའ་ངལ་མཐའ་དག་ལ་གདོང་གཏད་ནས་རང་མགོ་རང་ཐོན་བྱ་དགོས།
འདས་པའི་ལོ་རྒྱུས་ཀྱིས་ང་ཚོའི་མེས་པོ་དག་གི་དཔའ་མཛངས་ལྡན་པའི་སྙིང་སྟོབས་དང་མཐུན་སྒྲིལ་མངོན་པར་མཚོན་ཞིང་། ཁོ་ཚོས་སྲིད་འབྱོར་རིག་གསུམ་གྱི་མངའ་ཐང་དགུང་ལ་མཉམ་པའི་བོད་བཙན་པོའི་རྒྱལ་རབས་བཙུགས་ཏེ། སྟོད་ཀྱི་མངའ་རིས་སྐོར་གསུམ་དང་། བར་གྱི་དབུས་གཙང་རུ་བཞི། སྨད་ཀྱི་མདོ་ཁམས་སྒང་དྲུག་བཅས་ཡངས་པའི་རྒྱལ་ཁམས་འདིར་ཁ་རྗེ་དབང་ཐང་ཡོངས་སུ་རྒྱས་པར་བྱས། འདི་ལྟར་ང་ཚོ་དར་བའི་ཡང་རྩེར་གྱུར་བའི་དུས་སྐབས་ནས་བརྒྱུད་པའི་མངའ་ཁོངས་རྒྱ་ཆེ་བ་དང་། ཆོས་དང་རིག་གཞུང་གིས་མཛད་པའི་རིན་ཐང་འཛམ་གླིང་འདིར་ངོམ་རིན་ཡོད་པ་ཞིག་ཏུ་གྱུར་ཡོད། འདི་ནི་གང་ཞིག་གིས་ང་ཚོའི་འདས་སོང་གི་ལོ་རྒྱུས་ནི་མུན་ནག་དང་། ང་ཚོའི་མེས་པོ་ནི་ཀླ་ཀློ་རུ་བརྩིས་ནས་ངོ་མཚར་བའི་ལོ་རྒྱུས་ལ་དམའ་ཕབ་བཞིན་པ་དང་ལྡོག་ཟླ་རུ་གྱུར་ནས་ཡོད། ང་ཚོའི་འདས་པའི་ལོ་རྒྱུས་ནི་སྟོབས་ཤུགས་དང་གསར་གཏོད། ཤེས་རིག་དང་ཡར་ཐོན་སོགས་ཀྱིས་མཚོན་པར་བྱ་འོས་ལ། འདི་ནི་ཤུལ་བཞག་ཙམ་མིན་པར་ང་ཚོའི་མ་འོངས་པའི་ཕུགས་འདུན་འཚོལ་རྒྱུའི་སྒུལ་ཤུགས་དང་མཐུན་གྲོགས་ཡིན། ད་ནི་ང་ཚོ་ལོག་འགྲེལ་བྱེད་མཁན་གྱི་རྒྱ་ལས་བརྒལ་ནས་ལོ་རྒྱུས་ཀྱི་བདེན་པ་གཞིར་བཞག་གིས་མདུན་སྐྱོད་ཀྱི་ལམ་ཁ་གསར་བ་ཞིག་ཏུ་སྐྱོད་པར་དྲན་སྐུལ་བྱ་དགོས།
སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ།།
རྟ་མཆོག་ཁྲོས་པའི་བཀའ་ཡིས་རྒྱས་བཏབ་པའི།།
སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས།།
སུམ་གཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།།
ཞེས་<<དེབ་ཐེར་དཀར་པོར་>>བྱུང་བ་བར་སྐབས་ཀྱི་ཚིགས་སུ་བཅད་པར་བཀོད་པའོ།། །།
རང་ཅག་བོད་ལ་མཚོན་ན་དགོན་སྡེ་དག་ནི་སྲོལ་རྒྱུན་གྱི་གཙུག་ལག་རིག་གནས་དར་སྤེལ་བྱ་སའི་གནས་ཡུལ་གཙོ་བོ་ཞིག་ཡིན་ལ། དགོན་སྡེ་དག་གི་ནང་དུ་ཆོས་རྒྱུད་གྲུབ་མཐའ་སོ་སོའི་ཆོས་གཞུང་གཙོ་བོར་གྱུར་བའི་ཐོག སྒྲ་རིག་པ་དང་བཟོ་རིག་པ། གསོ་བ་རིག་པ་དང་སྐར་རྩིས་རིག་པ་སོགས་ཀྱང་དར་སྤེལ་དུ་བཏང་ནས། དགོན་སྡེ་དག་གིས་བོད་དང་འཛམ་གླིང་ཤེས་རིག་གི་བང་མཛོད་ཆེན་པོའི་ནང་དུ་ཤེས་རིག་གསར་བསྐྲུན་གྱི་བྱས་རྗེས་ཆེན་པོ་བཞག་ཡོད། དགོན་སྡེའི་འཛིན་སྐྱོང་གི་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་དུས་སུའང་འཛམ་གླིང་ཡོངས་ཀྱིས་བོད་ནི་གནའ་བོའི་ཤེས་རིག་གི་གཏེར་མཛོད་ལྟ་བུ་དང། ཤེས་རིག་དེ་དག་གི་གཞུང་ལུགས་དང་ལག་ལེན་གང་གི་ངོས་ནས་ཀྱང་གཞན་དྲིང་མི་འཇོག་པར་ངོས་ལེན་བྱས་ཡོད། འདས་པའི་ལོ་རྒྱུས་ཀྱི་བྱུང་རིམ་རིང་མོའི་ནང་དགོན་སྡེ་འདི་དག་གི་ནང་དུ་བོད་རང་གི་ཕ་སྐད་མ་ཡིག་ལ་བརྟེན་ནས་རིག་པའི་གནས་མང་པོ་ཞིག་ལ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཏེ་བོད་ཀྱི་ཐུན་མིན་རིག་གཞུང་རྒྱུད་འཛིན་བྱ་སའི་བསྟི་གནས་གཙོ་བོ་རུ་གྱུར།
གཞན་ཡང་དགོན་སྡེ་འདི་དག་ནི་བོད་ཀྱི་རིག་གནས་རྒྱུན་འཛིན་དང་གསར་གཏོད་བྱེད་ས་ཡིན་པ་མ་ཟད་ཕྱི་རྐྱེན་གྱི་གནོད་པ་འགོག་མཁན་གྱི་ལྕགས་རི་ལྟ་བུ་ཡང་ཡིན་པས། དགོན་སྡེ་ཡིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ངོ་བོ་སྲུང་ཤིང་བོད་མིའི་སྤོབས་པ་དང་དཔའ་གདེང་མི་ཉམས་པའི་སྡོངས་གྲོགས་གནང་ཡོད་ལ། འདི་ལྟ་བུའི་དགོན་སྡེ་དག་དར་ཞིང་འཕེལ་བའི་བརྒྱུད་རིམ་ནི་བོད་ཀྱི་སྐད་ཡིག་དར་རྒྱས་དང་ཡང་འབྲེལ་བ་ཟབ་མོ་ཡོད། བོད་ཀྱི་སྐད་ཡིག་གི་ནང་དུ་བོད་པའི་རིག་གནས་ཀྱི་རྒྱུན་གནས་ཡོད་ཅིང་། བོད་ཀྱི་དད་མོས་དང་རིན་ཐང་ལྟ་ཚུལ་སོགས་རིག་གནས་ཀྱི་གོང་བུ་ཆེན་པོ་ཞིག་འདུས་ཡོད། དུས་རབས་བདུན་པའི་ཚུན་གྱི་ལོ་ངོ་སྟོང་ཕྲག་གི་རིང་ལ་ང་ཚོ་སྐད་ཡིག་འདི་ལ་བརྟེན་ནས་དར་བའི་རྩེ་མོར་སོན་མྱོང་བ་རེད། དེང་སྐབས་གང་ཞིག་གིས་བོད་ཀྱི་སྐད་ཡིག་ལ་བརྟེན་ནས་དེང་རབས་ཀྱི་རིག་གནས་ལ་བསླབ་དཀའ་བར་བརྗོད་པ་དག་ཀྱང་ལོག་བཤད་འབའ་ཞིག་ཡིན་པ་འདས་པའི་ལོ་རྒྱུས་ཀྱིས་ང་ཚོར་བདེན་དཔང་བྱས་ཡོད།
དེ་བས་ང་ཚོས་ད་ལྟའི་བར་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་གནང་མཁན་གྱི་དགོན་སྡེ་དང་སློབ་གྲྭ་དག་མུ་མཐུད་ནས་གནས་ཐབས་ལ་འབད་བརྩོན་བྱ་དགོས་ཤིང་། ད་ལྟ་ཉམས་དམས་སུ་གཏོང་བཞིན་པའི་བོད་ཡིག་སློབ་གཉེར་གྱི་སྡེ་ཚན་འདི་དག་མྱུར་སྐྱོབ་དང་འདི་དག་གི་སྟོབས་དང་ནུས་པ་མུ་མཐུད་དུ་རྒྱས་ཐབས་སུ་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱ་རྒྱུའི་དུས་ལ་བབས་ཡོད། ད་ནི་དྲན་མེད་ཚོར་མེད་དུ་འདུག་པའི་དུས་སྐབས་ཤིག་ཡེ་ནས་མིན་པར་ལག་ལེན་གསེར་གྱི་ཐིགས་པ་གསོག་རྒྱུའི་དུས་ལ་བབ་བོ།།
བོད་མི་རྣམས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གྱུར་བའི་དེད་དཔོན་ཆེན་པོས་ཀྱང་མི་དམངས་ཀྱིས་བདམས་པའི་འཛིན་སྐྱོང་སྒྲིག་འཛུགས་ཤིག་གི་འོག་ཏུ་མ་འོངས་བོད་ཀྱི་ལས་དོན་ལ་ཧུར་བརྩོན་བྱ་དགོས་པའི་ལམ་སྟོན་གནང་ཡོད་པ་ལྟར། ཐུན་མོང་གི་ཕུགས་འདུན་གྱི་ཆེད་དུ་ཡུལ་དུས་གནས་སྐབས་ཅི་འདྲ་ཞིག་ལ་སླེབས་ཀྱང་ང་ཚོའི་ཆོད་སེམས་འགྱུར་མི་རུང་། མེས་པོ་གོང་མ་དག་གིས་ཁྲག་དང་རྔུལ་ཆུས་བསྐྱངས་ནས་འོངས་བའི་ང་ཚོའི་ཡུལ་ཁམས་དང་། རིག་གཞུང་། འཚོ་ཐབས་སོགས་ཕ་ནོར་བུ་ལ་རྩིས་སྤྲད་ཡོད་པ་དག་ནམ་ཡང་འདོར་མི་ཉན། མེས་པོ་གོང་མའི་མཛད་པ་ལ་གུས་བརྩི་དང་མི་རབས་ཚ་རྒྱུད་ཀྱི་བདེ་སྡུག་གི་ཆེད་དུ་ཕུགས་ཀྱི་འདུན་མ་བློས་གཏོང་མི་རུང་བར་གོ་སྐབས་དམ་འཛིན་བྱ་དགོས། སྐབས་རེར་གོ་སྐབས་ནི་གཉན་འཕྲང་གི་དུས་སྐབས་སུ་སླེབས་ངེས་ལ། རེ་བའི་འོད་སྣང་སླེབས་རྒྱུའི་དུས་ཚོད་ཀྱང་ང་ཚོའི་ཚོད་དཔག་གི་དུས་ཚོད་ལས་སྔ་སྲིད་པ་ཞིག་རེད། འདི་ལྟར་ང་ཚོས་རང་གིས་རང་ལ་དྲན་སྐུལ་བྱས་ཏེ་རང་གི་ཆེ་མཐོང་དང་རང་དབང་གི་ཆེད་དུ་ཆོད་སེམས་བརྟན་པོ་ཞིག་བཅིངས་ནས་འགྱུར་བ་གསར་བ་ཞིག་གི་མགོ་རྩོམ་པར་བྱ།
གཉན་འཕྲང་ཅན་གྱི་ལོ་རྒྱུས་ཀྱི་དུས་སྐབས་འདི་ལྟ་བུ་ཞིག་གི་ནང་དུ། ང་ཚོར་མཚོན་ན་རྒྱལ་ཁབ་དང་རང་དབང་། ཐོབ་ཐང་དང་དམངས་གཙོ། དྲང་བདེན་སོགས་ཀྱི་རྩ་དོན་རྣམས་ནི་ཧ་ཅང་ལྐོག་གྱུར་ཅིག་དང་། ང་ཚོ་དང་ཧ་ཅང་ཁ་ཐག་རིང་ལ་འབྲེལ་བ་མེད་པ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་སྲིད་ནའང་། དོན་དངོས་ཐོག་རྩ་དོན་འདི་དག་ནི་བོད་མི་རྣམས་འཚོ་ཞིང་གནས་ལ་དར་ཞིང་རྒྱས་ཐབས་ཀྱི་ནང་བསམ་བློའི་རྟེན་གཞི་གཙོ་བོ་དེ་ཡིན། རྒྱལ་ཁབ་བམ་རིགས་རྒྱུད་ཀྱི་འདུ་ཤེས་ཀྱིས་ང་ཚོའི་ཐུན་མོང་གི་ཕུགས་འདུན་མཚོན་ཞིང་། དྲང་བདེན་དང་ཐོབ་ཐང་གིས་གཉན་འཕྲང་ཆེ་བའི་དུས་སུ་ང་ཚོའི་ལ་རྒྱ་དང་ཆེ་མཐོང་མངོན་པར་མཚོན་གྱི་ཡོད། ད་ནི་ང་ཚོ་མིག་མདུན་གྱི་ཁེ་ཕན་ཉི་ཚེ་བ་རྐྱང་རྐྱང་ལ་མགོ་འཁོར་ནས་འདུག་པའི་དུས་ཚོད་ཅིག་མིན་པར། སྙིང་སྟོབས་ཆེན་པོ་བསྐྱེད་ནས་ཕུགས་རྒྱང་རིང་བའི་ཐུན་མོང་གི་འདུན་མ་ཞིག་འཚོལ་བའི་དུས་ལ་བབས་འདུག ང་ཚོས་འདས་པའི་ལོ་རྒྱུས་ཀྱི་བསླབ་བྱ་བླངས་ཏེ་སྐད་ཡིག་འཛིན་སྐྱོང་དང་ཤེས་ཡོན་སློབ་གསོ། ཆབ་སྲིད་འཛིན་སྐྱོང་དང་དཔལ་འབྱོར་དོ་དམ། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ལམ་ལུགས་རང་རྐྱ་འཕེར་བ་དང་། འཛིན་སྐྱོང་རང་མགོ་ཐོན་པ་ཞིག་གི་ལམ་ལ་འགྲོ་རྒྱུའི་ཕུགས་འདུན་སྙིང་ལ་བཅིངས་ནས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་མི་རེ་རེས་འགན་འཁུར་དང་བླངས་ཀྱིས་རེ་འབྲས་དོན་སྨིན་ཡོང་ཐབས་ཀྱི་རྒྱུ་ཚོགས་རེ་རེ་བསོག་དགོས། འདི་ནི་མ་འོངས་པར་ང་ཚོའི་མི་རབས་མི་རྒྱུད་ཀྱིས་རང་དབང་རང་བདག་གི་ཡུལ་ལུང་ཞིག་ནས་ལུས་བདེ་སེམས་སྐྱིད་ཀྱིས་འཚོ་བ་རོལ་ཐུབ་པའི་ལམ་ཁ་ཞིག་ལ་འགྲོ་རྒྱུའི་གནད་འགག་ཅན་གྱི་རྩ་དོན་དེ་ཡང་ཡིན།
གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཡོད་དོ་ཅོག་གིས། བོད་མི་ཚང་མ་རྩམ་ཟན་ཡིན་པ་གཅིག་གྱུར་དང་། ང་ཚོ་ཚང་མས་ཉི་མ་ལྷ་ས་ཡུལ་དབུས་སུ་བརྩི་ཞིང་གངས་སེང་དཀར་མོ་མཛེས་རྒྱན་ཏུ་ངོམ་པའི་འདུ་ཤེས་གཅིག་གྱུར་གྱི་ཐོག་ནས། དམངས་གཙོ་དང་རང་དབང་གཞི་ལ་བཞག་ནས་བོད་མི་སྤྱིའི་ལས་དོན་ཡར་རྒྱས་གཏོང་ཕྱོགས་ལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱ་ཐུབ་པའི་འཛིན་སྐྱོང་གི་ལམ་ལུགས་གསར་བ་ཞིག་གི་འོག་ཏུ་འགྲོ་རྒྱུ་དང་། ལམ་ལུགས་དེའི་འོག་ཏུ་མི་རིགས་ཤིག་ལ་ཡོད་པའི་ཐུན་མོང་གི་ཁྱད་ཆོས་དག་སྲུང་འཛིན་བྱ་དགོས་ཏེ། ཐུན་མོང་གི་ངོ་བོ་གནས་ཐབས་སུ་སྐད་ཡིག་རྒྱུན་འཛིན་དང་། ཐུན་མོང་གི་འཚོ་གནས་གོང་སྤེལ་གྱི་ཆེད་དུ་ཚོང་ལས་མཉམ་སྤེལ། ཐུན་མོང་གི་དམིགས་ཡུལ་གྱི་ཆེད་དུ་སྲིད་དོན་གཅིག་གྱུར། ཐུན་མོང་གི་ལོ་རྒྱུས་དང་གོམས་སྲོལ་རྒྱུན་འཛིན་གྱི་ཆེད་དུ་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དང་། བོད་ཀྱི་ཆོས་རྒྱུད་བྱེ་བྲག་པའི་ཕྱག་སྲོལ་དང་ལུང་ཚན་བྱེ་བྲག་པའི་ཡུལ་སྲོལ་ཕན་ཚུན་བར་བརྩི་བཀུར་བྱས་ཏེ། བོད་མི་སྒེར་བ་རེ་རེ་དང་ཚོགས་སྡེ་རེ་རེ་ནས་ཕུགས་འདུན་འདིའི་ཆེད་དུ་རང་ཉིད་ནས་མགོ་རྩོམ་རྒྱུ་དང་། དེ་རིང་ནས་མགོ་བརྩམ་སྟེ་ང་ཚོའི་སྐད་དང་ཡི་གེ་འཛིན་སྐྱོང་བྱ་རྒྱུ་དང་འཚོ་གནས་ཉམ་ང་ཉག་ཕྲའི་གནས་སུ་ཡོད་པའི་ད་ལྟའི་གནས་སྟངས་འདི་ལ་འགྱུར་བ་གཏོང་བར་བྱ།
མང་པོ་གཅིག་ཏུ་བློ་མཐུན་ན།།
ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ།།
སྲོག་ཆགས་གྲོག་མའི་ཚོགས་འདུས་པས།།
སེང་གེའི་ཕྲུ་གུ་བསད་ཅེས་གྲགས།།
ཞེས་<<ས་སྐྱ་ལེགས་བཤད་>>ཏུ་བྱུང་བ་བར་སྐབས་ཀྱི་ཚིགས་སུ་བཅད་པར་བཀོད་པའོ།། །།