རྩོམ་ཡིགརིག་གནས།
ཕུགས་འདུན།
སྐད་ཡིག་སྲུང་སྐྱོབ།
ད་ལོ་སྤྱི་ལོ་2025་ནས་བཟུང་། ང་ཚོ་བོད་མི་རེ་རེ་ནས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་གི་ཐད་ནུས་པ་འདོན་རྒྱུའི་གནད་འགག་གི་དུས་ཚོད་ཅིག་ལ་སླེབས་ཡོད། དེ་ལྟར་བྱ་དགོས་པའི་རྒྱུ་མཚན་ནི་འདས་པའི་སྤྱི་ལོ་2024་ལོར་བོད་ཀྱི་སློབ་ཆུང་དང་སློབ་འབྲིང་ཡོད་དོ་ཅོག་གི་ནང་དུ་རྒྱའི་སྐད་ཡིག་གཙོ་བོ་ཡིན་པའི་སློབ་གསོའི་ཐབས་ལམ་རིགས་གཉིས་པ་ཡོངས་སུ་ལག་བསྟར་བྱས་ཟིན་ཅིང་། བོད་ཀྱི་བྱིས་སློབ་ཁང་ནས་མགོ་བཙུགས་ཏེ་སློབ་ཆུང་དང་། སློབ་འབྲིང་བར་གྱི་བསླབ་གཞི་ཕལ་ཆེ་བ་རྒྱ་ཡིག་གིས་ཁྲིད་དགོས་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། སློབ་གྲྭ་ཆུང་འབྲིང་གི་ནང་བོད་མིས་བོད་རང་གི་སྐད་ཡིག་ལ་སློབ་རྒྱུའི་གོ་སྐབས་མེད་པར་གྱུར། བོད་ཀྱི་མཐོ་འབྲིང་ཁག་ནས་སློབ་ཆེན་དུ་རྒྱུགས་སྤྲོད་རྒྱུའི་སྐར་འབྲས་ཀྱི་ཁོངས་སུ་བོད་ཡིག་གི་སྐར་འབྲས་རྩིས་མེད་དུ་བཏང་བ་དང་། སློབ་གྲྭ་ཆེན་མོ་ཁག་གི་ནང་དུ། དངོས་གཞིའི་མཐར་ཕྱིན་སློབ་མ་དང་། ཞིབ་འཇུག་མཐར་ཕྱིན་སློབ་མ། འབུམ་རམས་པའི་ཞིབ་འཇུག་སློབ་མ་དག་གིས་མཐར་ཕྱིན་དཔྱད་རྩོམ་བོད་ཡིག་གི་ནང་དུ་འབྲི་མི་ཆོག་པ། དགོན་པ་ཁག་གི་ནང་དུ་ཡང་རྒྱ་ཡིག་སློབ་མགོ་བཙུགས་ནས། ནང་ཆོས་ཀྱི་བསླབ་གཞི་ཁག་ཀྱང་རྒྱ་ཡིག་གི་ནང་ཁྲིད་རྒྱུའི་གྲ་སྒྲིག་བྱེད་བཞིན་པ། བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱ་སའི་དགོན་པ་ཁག་གི་ནང་དུ་གྲྭ་བཙུན་ཉུང་རུ་གཏོང་བཞིན་པ་དང་། བོད་ཡིག་སྦྱངས་སའི་སྒེར་བཙུགས་སློབ་གྲྭ་ཁག་གི་སྒོ་བརྒྱབ་པ། བོད་ཀྱི་ས་ཁུལ་གྱི་ཚོང་ཁང་དང་ཟ་ཁང་སོགས་ཀྱི་སྒོ་བྱང་མཐའ་དག་རྒྱ་ཡིག་གཅིག་པོའི་ནང་འབྲི་རུ་འཇུག་བཞིན་པ་དང་། བོད་ཡིག་གིས་བྲིས་པའི་དཔེ་དེབ་དཔར་སྐྲུན་བྱ་རྒྱུར་ཆོག་མཆན་སྤྲོད་ཀྱི་མེད་པ། གཞུང་འབྲེལ་མིན་པའི་བོད་ཡིག་གི་དྲ་ཚིགས་ཕལ་ཆེ་བའི་སྒོ་བརྒྱབ་པ་དང་། མགྱོགས་འཕྲིན་དང་འཁྱུགས་དབྱངས་སོགས་ཐད་གཏོང་དྲ་རྒྱ་ཁག་གི་ནང་དུ་བོད་ཡིག་འབྲི་མི་ཐུབ་པ་བཟོས་པ་མ་ཟད། བརྒྱུད་ལམ་ཁ་ཤས་ཀྱི་ནང་དུ་བོད་སྐད་ཀྱང་བཤད་མི་ཆོག་པ་སོགས་ཀྱི་གནས་སྟངས་སུ་གྱུར་ནས། བོད་མིའི་ངོ་བོ་དང་རིག་གནས་ཀྱི་རྟེན་གཞི་ཡིན་པའི་བོད་ཀྱི་སྐད་ཡིག་ལ་རིག་གནས་གསར་བརྗེའི་དུས་སྐབས་ནང་བཞིན་དུ་ཉམས་ཆག་ཚབས་ཆེན་བྱུང་དང་འབྱུང་བཞིན་པའི་སྐབས་འདིར་བོད་མི་ཡོངས་ཀྱིས་མཐུན་སྒྲིལ་རྡོ་རྩ་གཅིག་སྒྲིལ་དང་། བོད་མི་སྒེར་བ་རེ་རེའི་ངོས་ནས་ཀྱང་ཉིན་མ་རེ་རེའི་འཚོ་བའི་ནང་གི་ལས་དོན་ཆུང་ས་ནས་མགོ་བཙུགས་ཏེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ནི་ཧ་ཅང་གལ་ཆེ།
བོད་ཀྱི་སྐད་ཡིག་ལ་མཚོན་ན་བོད་མི་ཕན་ཚུན་བར་བརྡ་སྤྲོད་ཐབས་ཀྱི་ལག་ཆ་ཙམ་མ་ཡིན་པར། དེ་ནི་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་བརྒྱུད་ཅིང་། སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་རིག་གནས་དང་རྟེན་བརྟེན་པའི་ཚུལ་དུ་གནས་ནས་ད་ལྟ་ལ་ཐུག་གི་བར་དུ་ཡོང་ཞིང་། སྐད་དང་ཡི་གེ་ནི་བོད་ཀྱི་རིག་གནས་དང་འཚོ་གནས་ཀྱི་སྲོག་རྩ་རུ་གྱུར།
འདས་པའི་ལོ་རྒྱུས་ཀྱི་བྱུང་རིམ་རིང་མོའི་ནང་དུ་ཡང་བོད་ཀྱི་སྐད་ཡིག་ལ་རིག་གནས་གསར་བརྗེ་སོགས་ཆག་འཇིག་རབ་དང་རིམ་པ་བྱུང་མྱོང་ནའང་ང་ཚོའི་ཕ་མེས་དག་གིས་དཀའ་ངལ་མཐའ་དག་ཁྱད་དུ་བསད་ཅིང་། ཐ་ན་རང་གི་གཅེས་པའི་སྲོག་ཚུན་ཆད་བློས་བཏང་ནས་བོད་ཀྱི་སྐད་ཡིག་རིག་གནས་འདི་གཅེས་ཤིང་བསྐྱངས་ཏེ་ང་ཚོ་མི་རབས་ཕྱི་མ་དག་ལ་ཤུལ་བཞག་ཏུ་གནང་ཡོད། དེ་ལ་བརྟེན་ནས་ད་ལྟའི་བར་བོད་མིའི་ཆོས་ལུགས་དང་བསམ་བློ། ཤེས་རིག་དང་ཡུལ་སྲོལ་སོགས་ཀྱང་སྐད་ཡིག་འདིའི་ནང་མ་ཉམས་པར་གནས་ཡོད། དེ་བས་ང་ཚོས་ཁྲག་གི་རྒྱུ་བ་འགག་ལ་ཉེ་ཞིང་། དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་བའི་སྐད་དང་ཡི་གེ་འདི་འཛིན་སྐྱོང་བྱ་རྒྱུ་ནི་དུས་ལ་བབས་ཤིང་གནད་འགག་ཅན་གྱི་ལས་དོན་གལ་ཆེན་ཞིག་ཏུ་གྱུར།
མ་འོངས་བའི་ལོ་ངོ་ཉི་ཤུ་ནི་བོད་མི་རིགས་ཀྱི་སྐད་ཡིག་ལ་མཚོན་ན་འཆི་གསོན་གྱི་གནད་འགག་ཅན་གྱི་ལོ་ངོ་ཉི་ཤུ་རེད། ལོ་ངོ་ཉི་ཤུ་ནི་མི་རབས་ཤིག་གི་དུས་ཚོད་རེད་ལ། ད་ལྟ་སྐྱེས་པའི་མི་ཞིག་ལོ་ཉི་ཤུ་ལོན་དུས་བོད་པའི་ངོ་བོ་ལྡན་པའི་མི་ཞིག་ལ་བསྐྱེད་བསྲིང་བྱ་རྒྱུར་ང་ཚོས་ད་ལྟ་ནས་མགོ་རྩོམ་དགོས། ལོ་ངོ་ཉི་ཤུའི་རྗེས་སུ་ཡང་ན་གཞོན་རྣམས་བོད་མིའི་ངོ་བོའི་ཐོག་གནས་ཐུབ་པ་བྱ་རྒྱུ། བོད་ཀྱི་སྐད་ཡིག་དེ་སྲིད་འབྱོར་རིག་གནས་གང་གི་ཁྱབ་ཁོངས་ནས་ཀྱང་སྲུང་ཐུབ་པ་ཞིག་དང་། སྤྱོད་ཐུབ་པ་ཞིག་ལ་འབད་དགོས། དེ་ལྟར་བྱ་རྒྱུར་ཡང་ལས་རིགས་སོ་སོའི་ཁྱབ་ཁོངས་སུ་གནས་པའི་བོད་མི་ཡོངས་ཀྱིས་སོ་སོ་རང་ཉིད་ནས་མགོ་རྩོམ་རྒྱུ་དང་། ཉིན་མ་དེ་རིང་ནས་མགོ་བརྩམ་སྟེ་ལོ་ངོ་ཉི་ཤུའི་རྗེས་སུ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཤིག་འཐོབ་རྒྱུར་བོད་ཀྱི་སྐད་ཡིག་འདི་བསླབ་པར་བྱ། སྤྱད་པར་བྱ། སྤེལ་བར་བྱའོ།།
ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་།།
མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན།།
སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་།།
རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།།
ཞེས་<<བསླབ་བྱ་ནོར་བུའི་ཕྲེང་བར་>>བྱུང་བ་བར་སྐབས་ཀྱི་ཚིགས་སུ་བཅད་པར་བཀོད་པའོ།། །།
ཀ༽ དགེ་རྒན་གྱིས་བོད་སྐད་ཡིག་རྒྱུན་འཛིན་ཐད་སྒྲུབ་ཐུབ་པའི་ལས་དོན་བཅུ།
༡། དགེ་རྒན་རྣམས་ཀྱིས་རང་ཉིད་ཀྱི་བྱིས་པར་བོད་ཡིག་སྦྱང་དུ་བཅུག་ནས་ཁྱིམ་བདག་གཞན་ལ་མིག་དཔེ་སྟོན་རྒྱུ།
༢། སློབ་ཕྲུག་ཚོར་བོད་ཡིག་གི་ཉིན་ཐོ་འབྲི་རུ་འཇུག་པ་དང་། སུམ་རྟགས་སོགས་ཀྱི་རྩ་བ་བློར་འཛིན་བྱེད་དུ་འཇུག་རྒྱུ། ཁོ་ཚོར་སེམས་ཤུགས་སྤར་ནས་བོད་རྩོམ་འབྲི་རྒྱུར་སྐུལ་མ་གཏོང་རྒྱུ།
༣། དུས་རྒྱུན་སློབ་ཕྲུག་ཚོར་བོད་ཡིག་གི་དཔེ་དེབ་ཀློག་རྒྱུར་སྐུལ་མ་གཏོང་རྒྱུ་དང་། བོད་ཡིག་གི་དཔེ་ཆ་ཀློག་རྒྱུའི་གོམས་གཤིས་འཇགས་སུ་འཇུག་རྒྱུ།
༤། སློབ་གྲྭའི་དཔེ་མཛོད་དུ་བྱིས་པའི་ལོ་ནའི་བབས་དང་བསྟུན་པའི་བོད་ཡིག་གི་དཔེ་ཆ་སྣ་ཚོགས་མཁོ་སྒྲུབ་བྱ་རྒྱུ་དང་། དགོང་སྦྱོང་གི་སྐབས་སུ་ཆེད་དུ་བོད་ཡིག་སློབ་པའམ། བོད་ཡིག་གི་དཔེ་ཀློག་བྱེད་སྒོ་སོགས་བཀོད་སྒྲིག་བྱ་རྒྱུ།
༥། སློབ་གྲྭའི་བྱེད་སྒོ་དང་། རྒྱུན་ལྡན་གྱི་ཁ་བརྡའི་ཁྲོད་ནས་ཕ་སྐད་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་པའི་སྐོར་གླེང་རྒྱུ་དང་། བོད་ཀྱི་མིང་གྲགས་ཅན་གྱི་རྩོམ་པ་པོ་དང་བརྩམས་ཆོས། དུས་དེབ་སོགས་ངོ་སྤྲོད་བྱ་རྒྱུ།
༦། སློབ་ཕྲུག་རྣམས་ལ་སོ་སོའི་ས་གནས་ཀྱི་ལོ་རྒྱུས་དང་། རི་ཆུ་ནགས་གསུམ། ཡུལ་སྲོལ་གོམས་གཤིས་སོགས་བོད་སྐད་བོད་ཡིག་གི་ལམ་ནས་ངོ་སྤྲོད་བྱ་རྒྱུ།
༧། སློབ་གྲྭའི་ནང་བོད་ཡིག་གི་རྩོམ་ཡིག་དང་ཡིག་གཟུགས་འགྲན་སྡུར་སོགས་སྤེལ་རྒྱུ་དང་། བོད་ཡིག་གི་བསླབ་འབྲས་གཟེངས་སུ་ཐོན་མཁན་ལ་དམིགས་བསལ་གྱི་སློབ་ཡོན་གཟེངས་རྟགས་སྤྲོད་རྒྱུ།
༨། དགེ་རྒན་རྣམ་པས་གྲོང་གསེབ་ཀྱི་སློབ་ཆུང་དག་བསྐྱར་དུ་སྒོ་འབྱེད་རྒྱུ་དང་། སློབ་གསོའི་ཐབས་ལམ་རིགས་དང་པོ་ལག་བསྟར་བྱས་ནས་སློབ་ཕྲུག་རྣམས་ཀྱིས་བོད་ཡིག་སྦྱངས་ཐུབ་པའི་ཆེད་བསམ་ཚུལ་འདོན་རྒྱུ།
༩། སློབ་ཕྱིའི་བྱེད་སྒོ་དང་གུང་གསེང་གི་སྐབས་སུ་སློབ་གྲྭའི་རྒྱང་སྒྲོག་ཁང་ནས་བོད་གཞས་དང་བོད་སྐད་ཀྱི་གཏམ་བཤད་སོགས་གཏོང་རྒྱུ་དང་། བོད་སྐད་ཀྱི་ལམ་ནས་སློབ་རའི་གསར་འགྱུར་བཤད་དུ་འཇུག་རྒྱུ།
༡༠། སློབ་ཕྲུག་རྣམས་ལ་གླུ་གཞས་དང་རི་མོའི་སྒྱུ་རྩལ་སོགས་སྤྲོ་སྣང་ལྡན་པའི་ལམ་ནས་བོད་སྐད་ཡིག་ལ་སློབ་སྦྱོང་བྱེད་དུ་འཇུག་རྒྱུ།
ཁ༽ ཚོང་པས་བོད་སྐད་ཡིག་རྒྱུན་འཛིན་ཐད་སྒྲུབ་ཐུབ་པའི་ལས་དོན་བཅུ།
༡། ཚོང་ལས་སྤྱི་གཉེར་ཁང་གི་མཚོན་རྟགས་དང་། སྒོ་བྱང་། ཚོང་འགྲེམས་རྒྱུ་ཆ། འབྱོར་འཛིན་སོགས་ཀྱི་ནང་དུ་བོད་ཡིག་བཀོལ་ནས། ཚོང་རྫས་འགྲེམས་སྤེལ་གྱི་སྐབས་སྐད་ཡིག་གཞན་དང་འདྲ་བར་བོད་ཡིག་ཀྱང་བེད་སྤྱོད་གཏོང་རྒྱུ།
༢། ཚོང་ལས་གཉེར་སྐབས་བོད་སྐད་བཤད་རྒྱུ། ཚོང་དོན་སྤྱི་གཉེར་ཁང་གི་ལས་བྱེད་རྣམས་ཀྱིས་བོད་མིའི་ཚོང་མགྲོན་དང་མཉམ་དུ་བོད་སྐད་ཀྱི་ལམ་ནས་ཁ་བརྡ་བྱས་ཏེ། བོད་སྐད་ཀྱི་ལམ་ནས་ཚོང་དོན་ཞབས་ཞུ་སྒྲུབ་ཐུབ་པའི་མཐུན་རྐྱེན་སྦྱོར་དགོས།
༣། ཚོང་རྫས་ཀྱི་འགྲེམ་བརྡ་གཏོང་བ་དང་། དྲ་རྒྱའི་བརྒྱུད་ལམ་དུ་ཚོང་རྫས་ངོ་སྤྲོད་བྱེད་པ། ཚོང་སྐུལ་གྱི་བྱ་འགུལ་སྤེལ་སྐབས་བཅས་སུ་བོད་སྐད་བོད་ཡིག་བཀོལ་སྤྱོད་བྱ་རྒྱུ་དང་། ཚོང་འབྲེལ་བྱེད་སྐབས་བོད་ཀྱི་རིག་གནས་དང་འབྲེལ་བའི་གཏམ་རྒྱུད་ལ་སྦྱོར་བ་དང་། སྙན་ཚིག་དང་གཏམ་དཔེ་སོགས་བཀོལ་རྒྱུ།
༤། ཚོང་ལས་ཐོན་རྫས་ཀྱི་སྟེང་བོད་ཡིག་འབྲི་རྒྱུ། ཚོང་ལས་ཐོན་རྫས་ཅི་ཞིག་ཡིན་རུང་། ཐོན་རྫས་ཀྱི་མིང་དང་གྲུབ་ཆ། གསལ་བཤད་ཡི་གེ་སོགས་བོད་ཡིག་གིས་འབྲི་རྒྱུ་དང་། ས་གནས་དང་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་རིགས་ལ་ལྷག་ཏུ་ནས་བོད་ཡིག་འབྲི་རྒྱུ་གལ་ཆེ།
༥། ཚོང་དོན་བྱེད་སྒོའི་སྐབས་བོད་སྐད་བོད་ཡིག་སྤྱོད་རྒྱུ། ཚོང་ལས་སྤྱི་གཉེར་ཁང་དག་གིས་མཛད་སྒོའི་ལས་རིམ་ནང་བོད་སྐད་བོད་ཡིག་སྤྱོད་རྒྱུ་དང་། བཟོ་གྲྭ་དང་ཚོང་ཁང་དུ་བོད་ཡིག་འབྲི་བ། ལས་མི་རྣམས་དང་མཉམ་དུ་དུས་ཆེན་གྱི་སྐབས་སམ། ཡང་ན་ཟླ་རེའམ་བདུན་ཕྲག་རེའི་ནང་བོད་སྐད་ཡིག་རྒྱུན་འཛིན་བྱ་ཐབས་ཀྱི་བྱེད་སྒོ་རེ་བཀོད་སྒྲིག་བྱ་རྒྱུ།
༦། ལས་བཟོ་བའི་བར་དུ་བོད་སྐད་བོད་ཡིག་གི་ལམ་ནས་འབྲེལ་བ་བྱ་རྒྱུ། ཁེ་ལས་སྤྱི་གཉེར་ཁང་རྒྱན་སྤྲོས་དང་སྒྲིག་འགོད་བྱེད་སྐབས་བོད་ཡིག་བཀོལ་རྒྱུ་དང་། ལས་ཁུངས་ནང་ཁུལ་གྱི་བརྡ་ཁྱབ་སོགས་སུ་བོད་ཡིག་སྤྱོད་རྒྱུ། བོད་མི་ལས་བྱེད་ཕན་ཚུན་བར་ཁ་བརྡ་བྱེད་སྐབས་ཀྱང་བོད་སྐད་བཤད་པར་སྐུལ་རྒྱུ།
༧། བོད་ཀྱི་ལག་ཤེས་པ་དང་། རྩོམ་པ་པོ། རོལ་མོ་བ་སོགས་དང་མཉམ་ལས་ཀྱིས་བོད་ཀྱི་སྐད་ཡིག་གསལ་སྟོན་བྱེད་པའི་དཔེ་དེབ་སོགས་ཐོན་རྫས་ཀྱི་རིགས་བཙོང་རྒྱུ་དང་། ས་གནས་ཀྱི་བོད་སྐད་ཡིག་སློབ་ཁྲིད་དང་རྒྱུན་འཛིན་བྱ་མཁན་གྱི་ཚོགས་སྡེ་ལ་དཔལ་འབྱོར་གྱི་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ།
༨། ཆག་ཡང་དང་ཡར་སྐུལ་བྱ་དགའ། བོད་སྐད་ཀྱི་ཐོག་ནས་ཁ་བརྡ་དང་ཉོ་ཚོང་བྱེད་མཁན་གྱི་འཛད་སྤྱོད་པ་ཚོར་དམིགས་བསལ་གྱི་ཆག་ཡང་སྤྲོད་རྒྱུ་དང་། བྱ་དགའ་ཡོད་པའི་འགྲན་བསྡུར་སྤེལ་ནས་བོད་ཡིག་གི་ལམ་ནས་ཚིག་གྲུབ་བཟོ་དགོས་པའམ་ཡང་ན་སྙན་ངག་གྱེར་འདོན་བྱེད་དགོས་པའི་ཆ་རྐྱེན་བཟོ་རྒྱུ།
༩། དྲ་ཐོག་གི་བོད་ཡིག་རྒྱུ་ཆ་གསར་སྤེལ། བོད་ཡིག་གཙོ་བོར་བཟུང་བའི་སྐད་གཉིས་དྲ་ཚིགས་སམ་མཉེན་ཆས་བཟོ་རྒྱུ་དང་། ཀློག་མཁན་མང་པོ་འགུག་ཆེད། བོད་ཡིག་གི་དྲ་ལམ་ཟིན་བྲིས་དང་། ཉིན་ཐོ། སྒྲ་རྩོམ་སོགས་སྤེལ་རྒྱུ།
༡༠། བོད་མི་ཚོར་ལས་ཀ་སྤྲོད་རྒྱུ་དང་བོད་སྐད་བོད་ཡིག་མ་གཏོགས་མི་ཤེས་མཁན་གྱི་ལས་བཟོ་བར་མཐོང་ཆུང་མི་བྱེད་རྒྱུ། ཚོང་ལས་སྤྱི་གཉེར་ཁང་དུ་བོད་མི་མང་པོ་ཡོད་ཚེ་ས་གནས་བོད་མིའི་ཡོང་སྒོ་མང་རུ་འགྲོ་ཐུབ་པ་དང་། ས་གནས་ཀྱི་དཔལ་འབྱོར་ཡར་རྒྱས་འགྲོ་ཐུབ་པ། ལས་ཁུངས་ནས་བོད་སྐད་བོད་ཡིག་བཀོལ་རྒྱུའི་ཁོར་ཡུག་རྒྱ་ཆེ་རུ་འགྲོ་ཐུབ་པའི་དགེ་མཚན་ཆེ།
ག༽ དགོན་སྡེས་བོད་སྐད་ཡིག་རྒྱུན་འཛིན་ཐད་སྒྲུབ་ཐུབ་པའི་ལས་དོན་བཅུ།
༡། དགོན་པའི་སློབ་གྲྭ། དགོན་པའི་སློབ་གྲྭ་ཁག་སྲུང་སྐྱོབ་དང་ཡར་རྒྱས་གཏོང་དགོས་ལ། དགོན་པའི་ནང་དུ་མུ་མཐུད་ནས་བོད་སྐད་ཡིག་གི་ལམ་ནས་བསླབ་པ་སློབ་གཉེར་བྱ་ཐུབ་རྒྱུ་དང་། ལྷག་པར་དུ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བཅའ་ཁྲིམས་དང་། འོས་འགན་སློབ་གསོའི་ལམ་ལུགས་ཀྱི་བཀག་རྒྱ་སེལ་ནས་སློབ་གྲྭ་ཁག་ཡུན་གནས་ཐུབ་པར་བྱ་དགོས།
༢། དགོན་སྡེ་དང་གྲོང་གསེབ་ཁག་ཏུ་སྤྱི་པའི་དཔེ་མཛོད་ཁང་དང་དྲ་ལམ་དཔེ་མཛོད་བཙུགས་ནས་རྒྱ་ཆེའི་མང་ཚོགས་ལ་དཔེ་ཀློག་གི་གོ་སྐབས་སྐྲུན་རྒྱུ་དང་། དགོན་པའི་ནང་མང་ཚོགས་ལ་ཡིག་རྨོངས་སེལ་བ་དང་བོད་ཡིག་སྦྱངས་སའི་མཐུན་རྐྱེན་སྦྱོར་རྒྱུ།
༣། དགོན་པ་སོ་སོས་འཕྲིན་སྟེགས་སོགས་དྲ་རྒྱའི་བརྒྱུད་ལམ་ཏུ་བོད་ཡིག་གི་ལམ་ནས་དགོན་པའི་ཆོས་ཕྱོགས་ཀྱི་མཛད་རིམ་དང་། བོད་ཡིག་གི་རྩོམ་ཡིག་སོགས་མང་དུ་སྤེལ་རྒྱུ།
༤། མང་ཚོགས་ལ་བོད་ཡིག་འབྲི་ཀློག་དང་ནང་ཆོས་ཀྱི་སློབ་ཁྲིད་བཀོད་སྒྲིག་བྱ་རྒྱུ། དེ་ཡང་དགོན་པའི་གྲྭ་བཙུན་རྣམ་པས་དངོས་སུའམ་དྲ་ལམ་བརྒྱུད་ནས་བོད་སྐད་ཡིག་རྒྱུན་འཛིན་ལ་ཕན་པའི་ལས་དོན་རིགས་སྒྲུབ་རྒྱུ།
༥། དགེ་འདུན་པ་དང་བཙུན་མ་རྣམ་པས་ཀྱང་མགྱོགས་འཕྲིན་སོགས་དར་ཆེ་བའི་དྲ་རྒྱའི་བརྒྱུད་ལམ་དུ་ཆ་ཤས་ལེན་རྒྱུ་དང་། རྙོག་འཛིང་ཆེ་བའི་དྲ་ལམ་གྱི་མི་རྣམས་བསམ་སྦྱོར་གཉིས་ཀྱི་ཐོག་ནས་བཟང་ཕྱོགས་ལ་སྣེ་ཁྲིད་དེ། བོད་ཀྱི་ཆོས་དང་རིག་གཞུང་སོགས་དྲ་ལམ་ནས་དར་སྤེལ་གནང་རྒྱུ།
༦། དགོན་པའི་ཕྱི་ནང་གི་ངོ་སྤྲོད་དང་ཕྱོགས་སྟོན་བྱང་བུ་སོགས་བོད་ཡིག་གིས་འབྲི་རྒྱུ། གནས་མཇལ་བ་དང་ཡུལ་སྐོར་བ་ཚོར་དམིགས་པའི་ངོ་སྤྲོད་ཡི་གེ་སོགས་བོད་ཡིག་གིས་བྲིས་ནས་བོད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་རྒྱ་ཆེ་རུ་གཏོང་རྒྱུ་དང་། མི་དམངས་ལ་དེ་ལྟར་བྱ་དགོས་པའི་མིག་དཔེ་སྟོན་རྒྱུ།
༧། དགོན་སྡེ་ཁག་ཏུ་བོད་ཀྱི་སྐད་ཡིག་དང་ཡིག་གཟུགས་ཉིན་མོ་སྲུང་བརྩི་ཞུ་དགོས། བྱེད་སྒོ་དེ་དག་བརྒྱུད་ནས་དགོན་སྡེ་ཁག་གིས་ཆོས་དཔེ་ཀློག་པའི་འཛིན་གྲྭ་དང་། ཡིག་གཟུགས་ཀྱི་ཟབ་སྦྱོང་། གཞི་རིམ་སྐད་ཡིག་གི་སློབ་ཚན་སོགས་བཀོད་སྒྲིག་བྱེད་ཆོག
༨། དགོན་པའི་བླ་སྤྲུལ་རྣམ་པས་ཆོས་ཁྲིད་དང་། བགྲོ་གླེང། སྤྱི་ཚོགས་ཡར་སྐུལ་གྱི་གཏམ་བཤད་གནང་སྐབས། བོད་ཀྱི་སྐད་ཡིག་དེ་མི་རབས་ནས་མི་རབས་ལ་བརྒྱུད་སྤྲོད་བྱ་རྒྱུ་ནི་དུས་ལ་བབས་པའི་འགན་འཁྲི་ཞིག་ཡིན་པར་གླེང་རྒྱུ།
༩། དགོན་པའི་ནང་དུ་ཡིག་སྒྱུར་སྡེ་ཚན་ཞིག་བཙུགས་ནས། ནང་ཆོས་དང་ཚན་རིག་སོགས་ཀྱི་དཔེ་དེབ་དང་། དགོན་པ་དང་འབྲེལ་བའི་གཞུང་གི་ཡིག་ཆ་སོགས་བོད་ཀྱི་སྐད་ཡིག་ནང་བསྒྱུར་ནས་བོད་ཀྱི་སྐད་ཡིག་དར་སྤེལ་གཏོང་རྒྱུ།
༡༠། དགོན་སྡེ་ཁག་གིས་ཐབས་མཁས་ཀྱིས་སློབ་ཡོན་དགེ་རྩ་ཞིག་བཙུགས་ནས་བོད་ཡིག་གི་ཆུ་ཚད་བཟང་བའི་སློབ་མར་དམིགས་བསལ་གྱིས་རྒྱབ་སྐྱོར་གནང་རྒྱུ།
ང༽ མང་ཚོགས་ཀྱིས་བོད་སྐད་ཡིག་གི་ཆེད་དུ་སྒྲུབ་ཐུབ་པའི་ལས་དོན་བཅུ།
༡། ཉིན་ལྟར་རང་གི་ཁྱིམ་མི་དང་གྲོགས་པོ་སོགས་དང་མཉམ་དུ་བོད་སྐད་བཤད་དུས་གང་ཐུབ་ཀྱིས་སྦྲགས་སྐད་མི་བཤད་རྒྱུ་དང་། རང་གིས་མི་ཤེས་པའི་ཐ་སྙད་གསར་པ་དག་བོད་སྐད་ཀྱི་ལམ་ནས་ཅི་ལྟར་བཤད་དགོས་མིན་ལ་དོ་སྣང་དང་སློབ་སྦྱོང་བྱ་རྒྱུ།
༢། སྐད་འཕྲིན་དང་མགྱོགས་འཕྲིན་སོགས་ཀྱི་ནང་དུ་གནས་ཚུལ་སྤེལ་དུས་དང་ཐད་གཏོང་བྱེད་དུས་སོགས་ལ་བོད་ཀྱི་སྐད་དང་ཡི་གེ་བཀོལ་སྤྱོད་བྱ་རྒྱུ། རང་ཉིད་ཀྱིས་འབྲི་མི་ཐུབ་རུང་གཞན་གྱིས་བོད་ཡིག་གི་ལམ་ནས་བྲིས་པའི་གནས་ཚུལ་ཡག་པོའི་རིགས་མཐོང་ཚེ་རྒྱུན་དུ་བརྒྱུད་འགོད་དང་མཉམ་སྤྱོད་བྱ་རྒྱུ།
༣། མི་མང་པོ་ཞིག་ལ་ལོ་གསར་བའི་འགོ་བཙུགས་པ་དང་བསྟུན་ནས་མ་འོངས་པའི་ལོ་གཅིག་གི་ནང་དུ་ཅི་ཞིག་བྱེད་མིན་གྱི་དམ་བཅའ་འཇོག་སྲོལ་ཡོད་པ་ལྟར། ལོ་གསར་བའི་ནང་རང་གི་སྐད་ཡིག་སློབ་རྒྱུའི་དམ་བཅའ་འཇོག་རྒྱུ།
༤། རྒྱུན་ཏུ་བོད་ཡིག་གི་དཔེ་ཆ་དང་ཚིག་མཛོད་དག་ཉོས་ནས་ཀློག་རྒྱུ་དང་། སྡེ་བའི་ནང་དཔེ་ཀློག་བྱེད་མཁན་དག་མཉམ་དུ་འཛོམས་ནས་དཔེ་ཆ་ཀློག་པའམ། ཁྱིམ་མི་དང་གྲོགས་པོ་ལ་དཔེ་ཆ་ཀློག་རྒྱུར་སྐུལ་སློང་དང་ཕན་ཚུན་བར་དཔེ་ཀློག་གི་མཐུན་རྐྱེན་སྦྱོར་རྒྱུ།
༥། རོང་འབྲོག་མི་དམངས་དང་གྲོང་ཁྱེར་དུ་ཡོད་པའི་བོད་སྐད་བོད་ཡིག་མི་ཤེས་མཁན་གྱི་ན་གཞོན་དང་དར་མ་རྣམས་ཀྱི་ཆེད་དུ་ཡིག་རྨོངས་སེལ་བའི་འཛིན་གྲྭ་འཛུགས་རྒྱུ་དང་། བོད་མི་ཚང་མ་བོད་ཡིག་གི་འབྲི་ཀློག་ལ་བྱང་དུ་འཇུག་རྒྱུ།
༦། སྡེ་བའི་ནང་དུ་སྲིད་ཇུས་དྲིལ་སྒྲོག་དང་། ཁོར་ཡུག་སྲུང་སྐྱོབ། གཙང་སྦྲ་འཕྲོད་བསྟེན། རིག་རྩལ་འདུ་འཛོམས་སོགས་ཀྱི་བྱ་འགུལ་དག་བོད་སྐད་ཡིག་གི་ལམ་ནས་སྤེལ་རྒྱུ།
༧། ལོ་རེའི་ལོ་གསར་གྱི་སྐབས་སུ་སྡེ་བའི་ནང་གི་ཕ་སྐད་སྲུང་སྐྱོབ་ཀྱི་ཐད་ཕྱག་ལས་གནང་མཁན་དང་། བོད་ཡིག་སློབ་རྒྱུར་ཧུར་བརྩོན་བྱེད་མཁན་གྱི་སློབ་ཕྲུག་སོགས་ལ་ལོ་གསར་མཛད་སྒོའི་སྐབས་སུ་གཟེངས་རྟགས་སྟབས་བདེ་རེ་སྤྲད་ནས་མི་རྣམས་ལ་ཁ་མིག་ཡར་བལྟ་བྱེད་དུ་འཇུག་རྒྱུ།
༨། སྐད་ཡིག་གི་རིན་ཐང་ནི་རྒྱུ་དང་འབྱོར་བ་སྒྲུབ་ཐུབ་མིན་གཅིག་པུས་ཐག་གཅོད་བྱ་མི་རུང་བར། སྐད་ཡིག་སློབ་མིན་ནི་མི་རིགས་ཤིག་གི་འཆི་གསོན་གཉིས་ཀྱི་གདམ་ཀ་ཞིག་ཏུ་གྱུར་ཡོད་པས་ན། དུས་རྒྱུན་རང་གི་གྲོགས་པོ་དང་གཉེན་ཉེ། ཡུལ་མི་སོགས་ནས་མགོ་བཙུགས་ཏེ་བོད་ཀྱི་རིག་གནས་ཀྱི་རྒྱུན་ཐག་ཏུ་གྱུར་བའི་སྐད་ཡིག་འདི་སྦྱངས་དགོས་པའི་གོ་རྟོགས་སྤེལ་རྒྱུ།
༩། དུས་རྒྱུན་བོད་སྐད་བོད་ཡིག་ཡར་རྒྱས་གཏོང་ཐབས་ལ་ཕན་པའི་གློག་ཆས་ཀྱི་རིགས་དང་། དཔེ་དེབ། སྒྱུར་རྩོམ། དུས་དེབ། ཚིག་མཛོད་སོགས་ཉོས་ཏེ་བོད་སྐད་ཡིག་ཡར་རྒྱས་གཏོང་རྒྱུའི་ལས་གཞིར་རྒྱབ་སྐྱོར་བྱ་རྒྱུ།
༡༠། ས་གནས་སུ་གོ་སྒྲིག་བྱས་པའི་བོད་ཡིག་ཟབ་སྦྱོང་འཛིན་གྲྭ་དང་། བྱ་འགུལ་སོགས་ལ་མཉམ་ཞུགས་བྱ་རྒྱུའམ་ཡང་ན་དེ་དག་ལ་དཔལ་འབྱོར་དང་ལས་ཀ་སོགས་ཀྱི་ཐོག་ནས་རྒྱབ་སྐྱོར་བྱ་རྒྱུ།
ཅ༽ དྲ་ལམ་ཐད་གཏོང་བས་བོད་སྐད་ཡིག་རྒྱུན་འཛིན་ཐད་སྒྲུབ་ཐུབ་པའི་ལས་དོན་བཅུ།
༡། བོད་ཀྱི་དྲ་ལམ་ཐད་གཏོང་བའི་གྲས་སུ་ཞེན་མི་འབུམ་ཁ་ཤས་ཅན་གྱི་མི་སྣ་ཡང་མང་པོ་ཡོད་ཅིང་། ཐད་གཏོང་བའི་སྐད་ཆ་བཤད་སྟངས་དང་རྣམ་འགྱུར་སྟོན་སྟངས་རེ་རེས་ཀྱང་ཞེན་མི་རྣམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པས། དྲ་ལམ་ཐད་གཏོང་བ་ཁྱེད་ཅག་གིས་དྲ་ལམ་ནས་ཚོང་ལས་གཉེར་བ་དང་གཏམ་བཤད་སྤེལ་རྒྱུའི་མཉམ་དུ། ཁ་ཞོར་ལག་ཞོར་དང་འགྲོ་ཞོར་འདུག་ཞོར་ནས་བོད་སྐད་གཙང་མ་རེ་བཤད་རྒྱུ་ཡང་དགེ་མཚན་ཧ་ཅང་ཆེ།
༢། དྲ་ལམ་ཐད་གཏོང་ནི་ཚོང་ལས་གཉེར་སྟངས་ཤིག་ཡིན་པ་མ་ཟད། ཉན་མཁན་མང་བའི་སློབ་ཁྲིད་ཅིག་ཀྱང་ཡིན་པས། ཁྱེད་ཅག་གིས་རྒྱུན་ཏུ་ཐད་གཏོང་བྱེད་སར་ཚིག་མཛོད་མང་པོ་ཞིག་ཉར་ནས་མི་རྣམས་ལ་དཔེ་ངོས་དང་ཁ་པར་ནས་ཚིག་མཛོད་བཀོལ་སྤྱོད་བྱེད་སྟངས་སློབ་རྒྱུ་དང་བོད་སྐད་ཀྱི་ཐ་སྙད་གསར་བ་དག་རྒྱུན་འབྱམས་སུ་གཏོང་རྒྱུར་ཡང་ནུས་པ་གང་ཐོན་རེ་བྱ་རྒྱུ།
༣། ཞེན་མི་འབུམ་ཁ་ཤས་ཡོད་པའི་མི་ཞིག་ལ་མཚོན་ན་ཁྱེད་ཀྱི་བརྩམས་ཆོས་རེ་རེའི་བལྟ་མཁན་དང་ཉན་མཁན་གྱི་གྲངས་ཀ་ནི་ཀློག་མཁན་མང་བའི་དཔེ་ཆ་ཞིག་ལས་ལྡབ་བརྒྱ་འགྱུར་སྟོང་འགྱུར་གྱིས་མང་བས་ན། མཚམས་རེར་ལས་ཞོར་ནས་བོད་ཀྱི་སྐད་ཡིག་དང་འབྲེལ་བ་ཡོད་པའམ། བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་ཕན་པའི་བརྩམས་ཆོས་རེ་སྤེལ་ནའང་དེ་ལ་དུས་ཐོག་ཆར་བ་ལྟ་བུའི་དགེ་མཚན་ཆེ།
༤། བོད་ཀྱི་སྐད་ཡིག་དང་རྟེན་བརྟེན་པའི་ཚུལ་དུ་ཡོད་པའི་དམངས་ཁྲོད་རིག་གནས་ཁྲོད་ཀྱི་གླུ་གར་རྩེད་མོ་དང་། གཏམ་རྒྱུད། བཤད་པ། གཏམ་དཔེ། ཁ་མཚར་སོགས་ནི་སྐད་ཡིག་གི་སྲོག་ཤིང་ལྟ་བུ་ཡིན་པས་ཁྱེད་ཅག་ཐད་གཏོང་བ་རྣམ་པས་ཆེ་ཐུབ་ཆུང་ཐུབ་ཀྱིས་དམངས་ཁྲོད་རིག་གནས་དར་སྤེལ་གནང་རྒྱུ།
༥། དྲ་ལམ་ཐད་གཏོང་བ་མང་པོ་ཞིག་གིས་ཚོང་ལས་གཉེར་གྱི་ཡོད་པས་ན། ཚོང་དང་འབྲེལ་བ་ཡོད་པའི་བརྩམས་ཆོས་བཀྲམ་པའམ། ཚོང་རྫས་ངོ་སྤྲོད་བྱེད་པ། ཚོང་འགྲེམས་ཐད་གཏོང་གནང་བ་སོགས་ཀྱི་སྐབས་སུ་གང་ཐུབ་ཀྱིས་བོད་སྐད་བཤད་རྒྱུ་དང་། ཁྱབ་བསྒྲགས་ཀྱི་རིགས་བོད་ཡིག་གི་ལམ་ནས་སྤེལ་རྒྱུ།
༦། དྲ་གྲགས་མང་པོ་ཞིག་གིས་དྲ་ལམ་དུ་འགྲན་སྡུར་གྱི་རིགས་མང་པོ་སྤེལ་བཞིན་པ་ལྟར། ཁྱེད་ཅག་གིས་དམིགས་བསལ་ལོ་གཞོན་ལ་དམིགས་ནས། བོད་སྐད་བཤད་པ་དང་བོད་ཡིག་ཀློག་འདོན། སྙན་ངག་གྱེར་འདོན་སོགས་ཀྱི་ལམ་ནས་བོད་སྐད་ཡིག་སློབ་སྦྱོང་བྱེད་མཁན་དག་ལ་ཁ་མིག་ཡར་བལྟ་བྱ་སའི་གོ་སྐབས་མང་པོ་བསྐྲུན་རྒྱུ།
༧། ཞེན་མིའི་མང་ཉུང་ལ་མ་བལྟས་པར་དྲ་གྲགས་ཡོངས་ཀྱིས་བོད་ཀྱི་སྐད་ཡིག་ཡར་རྒྱས་དང་འབྲེལ་བ་ཡོད་པའི་དཔེ་དེབ་དང་། མཐེབ་སྡེར། ཆེད་སྒྲིག་སོགས་ཐོན་རྫས་ཀྱི་རིགས་འགྲེམས་སྤེལ་བྱ་རྒྱུར་རོགས་རམ་དང་རྒྱབ་སྐྱོར་གནང་རྒྱུ།
༨། དེང་སྐབས་དྲ་རྒྱའི་བརྒྱུད་ལམ་ནི་བོད་ཡིག་སློབ་ཁྲིད་བྱ་སའི་ལམ་ཁ་ཉག་གཅིག་ཡིན་པས་ན། ཞེན་མི་མང་བའི་དྲ་གྲགས་རྣམ་པས་དྲ་ལམ་གྱི་བོད་ཡིག་སློབ་ཁྲིད་གནང་མཁན་རྣམ་པར་རྒྱབ་སྐྱོར་གནང་རྒྱུ་དང་། ལན་རེར་ཁོ་ཚོའི་ཐད་གཏོང་གི་ནང་མཉམ་ཞུགས་རེ་གནང་ཐུབ་ནའང་བོད་ཀྱི་སྐད་ཡིག་འཛིན་སྐྱོང་གི་ཐད་དགེ་མཚན་ཆེ།
༩། དེང་སྐབས་ཀྱི་དྲ་ལམ་ཐད་གཏོང་བའི་ཤུགས་རྐྱེན་ནི་སྔོན་ཆད་ཀྱི་བརྙན་འཕྲིན་མདོ་འཛིན་པ་དང་། གཞས་གཏོང་མཁན་གྱི་གྲགས་སྐར་དག་ལས་ཀྱང་བརྒལ་ཡོད་པས། དྲ་ལམ་ཐད་གཏོང་བས་སྦྲགས་སྐད་མི་བཤད་རྒྱུ་དང་། སོ་སོ་རང་ཉིད་ནས་བོད་ཡིག་སློབ་རྒྱུ། རང་གི་བུ་ཕྲུག་ལ་བོད་སྐད་བོད་ཡིག་སློབ་རྒྱུའི་མཚོན་པའི་བྱ་སྤྱོད་དག་གིས་བོད་ཀྱི་སྤྱི་ཚོགས་ལ་མི་དཔེ་བཟང་པོ་ཞིག་སྟོན་ཐུབ།
༡༠། ཐད་གཏོང་བས་སོ་སོའི་སྤྱི་གཉེར་ཁང་གི་ནང་དུ་བོད་པ་ཕན་ཚུན་བར་བོད་སྐད་བོད་ཡིག་གི་ལམ་ནས་འབྲེལ་བ་འཛུགས་རྒྱུའི་སྲོལ་འཛུགས་རྒྱུ་དང་། ཟ་ཁང་གི་ཟས་ཐོ་དང་ཚོང་རྫས་ཀྱི་ངོ་སྤྲོད་སོགས་བོད་ཡིག་གི་ནང་དུ་འབྲི་རྒྱུ། ཟླ་རེའི་ནང་སྤྱི་གཉེར་ཁང་གི་ནང་དུ་བོད་སྐད་ཡིག་འཛིན་སྐྱོང་ལ་ཕན་པའི་བྱ་འགུལ་རེ་སྤེལ་རྒྱུ། དེ་ལྟར་བྱས་ན་མི་གཅིག་ནས་བཅུ་དང་བཅུ་ནས་བརྒྱ་བྱས་ཏེ་བོད་ཀྱི་སྤྱི་ཚོགས་ཡོངས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ངེས།
ཆ༽ ཕ་མས་བོད་སྐད་ཡིག་རྒྱུན་འཛིན་ཐད་སྒྲུབ་ཐུབ་པའི་ལས་དོན་བཅུ།
༡། ཕ་མ་རྣམས་སློབ་གྲྭའི་ཁྱིམ་བདག་ཚོགས་ཆེན་དུ་ཞུགས་སྐབས་བསླབ་གཞི་ཁག་བོད་ཡིག་གི་ནང་དུ་ཁྲིད་རྒྱུ་དང་། བོད་སྐད་ཡིག་ཟུར་ཁྲིད་བྱ་རྒྱུའི་བསམ་ཚུལ་འདོན་རྒྱུ།
༢། ཕ་མས་བུ་ཕྲུག་ཚོར་བོད་སྐད་ཀྱི་བརྙན་འཕྲིན་ལ་བལྟ་རུ་འཇུག་རྒྱུ། བོད་ཀྱི་གླུ་དབྱངས་ལེན་དུ་འཇུག་རྒྱུ་དང་ཉན་དུ་འཇུག་རྒྱུ། བྱིས་པ་དང་ཁྱིམ་མི་རྒན་པའི་བར་ཁ་བརྡ་མང་པོ་བྱེད་དུ་འཇུག་རྒྱུ། ཁྱིམ་མི་ཚང་མས་བོད་སྐད་གཅིག་པོ་བཤད་པ་བཅས་ཀྱི་ལམ་ནས། ཁྱིམ་དུ་བོད་སྐད་དང་བོད་ཡིག་སྦྱོང་སའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ཏེ་བྱིས་པའི་རྒྱུད་ལ་བོད་ཀྱི་རིག་གནས་ཀྱི་བག་ཆགས་འཇོག་རྒྱུ།
༣། ཕ་མས་བྱིས་སྒྲུང་དང་ཚིག་མཛོད། དུས་དེབ་དང་ཚགས་པར་སོགས་བྱིས་པ་ལ་མཁོ་བའི་བོད་ཡིག་གི་དཔེ་དེབ་སྣ་ཚོགས་མཁོ་སྒྲུབ་ཀྱིས་རང་ཁྱིམ་དེ་བོད་ཡིག་སློབ་སྦྱོང་བྱེད་སའི་དཔེ་ཁང་ཆུང་ཆུང་ཞིག་ཏུ་བསྒྱུར་རྒྱུ།
༤། བཟའ་ཆས་ཉོ་དུས་དང་། ཟས་གཡོ་སྐོལ་གྱི་སྐབས། བཟའ་མི་གང་བོས་མཉམ་ཏུ་ཟ་མ་ཟ་སྐབས་བཅས་ལ་བྱིས་པར་ཟས་རིགས་དག་གི་མིང་བོད་སྐད་ཀྱི་ལམ་ནས་བཤད་རྒྱུའི་གོམས་གཤིས་འཇགས་སུ་འཇུག་རྒྱུ་དང་། ཁྱིམ་མི་ཚང་མས་བོད་སྐད་དུ་མེད་པའི་ཐ་སྙད་ཀྱི་རིགས་ཚིག་མཛོད་ནས་སློབ་སྦྱོང་བྱ་རྒྱུ།
༥། བྱིས་པའི་བོད་སྐད་བོད་ཡིག་གི་ཆུ་ཚད་ཡར་རྒྱས་གཏོང་འདོད་མཁན་གྱི་ཁྱིམ་བདག་དག་གིས་ཕན་ཚུན་བར་བསླབ་བྱ་སྤྲོད་རེས་དང་། དཀའ་ངལ་སྐོར་གྲོས་བསྡུར། སེམས་ཤུགས་སྤར་རེས་བྱ་རྒྱུ་དང་། མཉམ་རུབ་ཐོག་བོད་སྐད་སློབ་གསོ་ཡར་རྒྱས་གཏོང་བའི་ཐབས་ལམ་འཚོལ་རྒྱུ།
༦། ཁྱིམ་མི་རྣམས་མཉམ་དུ་འཛོམས་སྐབས་གནའ་གཏམ་དང་ཁེད་སོགས་བཤད་ནས་རང་གི་བྱིས་པར་དེ་དག་ཡིག་ཐོག་ལ་ཕབ་ཏུ་འཇུག་རྒྱུ་དང་། བྱིས་པ་ཁ་ཤས་ཡོད་ན་ཡིག་ཐོག་ལ་འབྲི་རྒྱུ་དང་། ཁ་ནས་བཤད་རྒྱུའི་འགྲན་སྡུར་སྤེལ་རྒྱུ།
༧། སློབ་ཆེན་སློབ་མ་ཚོར་རང་གི་ཤ་ཉེ་རིང་ནང་ཁུལ་གྱི་བྱིས་པ་ཚོར་གུང་གསེང་སྐབས་བོད་ཡིག་སློབ་ཁྲིད་བྱ་རྒྱུར་མཐུན་རྐྱེན་སྤྲོད་རྒྱུ་དང་། དངུལ་གྱི་བྱ་དགའ་སྤྲད་ནས་སེམས་ཤུགས་སྤར་རྒྱུ།
༨། བྱིས་པ་དག་ལ་ས་གནས་ཀྱི་དུས་ཆེན་ཁག་གི་བྱུང་བ་ངོ་སྤྲོད་བྱ་རྒྱུ་དང་ཁོ་ཚོ་དུས་ཆེན་དེ་དག་གི་ནང་ལ་མཉམ་ཞུགས་བྱེད་དུ་འཇུག་རྒྱུ། དུས་ཆེན་གང་དེའི་སྔ་རྗེས་ཀྱི་ཟླ་བ་གཅིག་གི་རིང་བྱིས་པ་རྣམས་ལ་ཡང་དང་བསྐྱར་དུ་དུས་ཆེན་དེའི་སྐོར་གླེང་རྒྱུ།
༩། བྱིས་པར་རང་གི་རུ་སྡེའི་གནས་རི་དང་། རྩྭ་ཐང་། ཐང་གཤོངས་བཅས་ཀྱི་ས་མིང་རི་མིང་ངོ་སྤྲོད་བྱེད་རྒྱུ་དང་། རྒྱ་སྐད་ཀྱི་ཐོག་ནས་བཏགས་པའི་ས་མིང་གསར་བ་མི་བཀོལ་རྒྱུ།
༡༠། ཟླ་རེའི་ནང་དུ་སྡེ་བའི་ནང་བྱིས་པ་རྣམས་ལ་གཏམ་དཔེ་བཤད་རྒྱུ་དང་། དཔེ་ཆ་ཀློག་རྒྱུ། སྒྲུང་བཤད་རྒྱུ་སོགས་ཀྱི་བྱ་འགུལ་སྤེལ་ཏེ་བོད་ཀྱི་སྲོལ་རྒྱུན་ཡུལ་ཆོས་རྒྱུན་འཛིན་དང་སློབ་སྦྱོང་ལ་དགའ་བ་སྐྱེད་དུ་འཇུག་རྒྱུ།
ཇ༽ སྲིད་གཞུང་གི་ལས་བྱེད་པས་བོད་སྐད་ཡིག་རྒྱུན་འཛིན་ཐད་སྒྲུབ་ཐུབ་པའི་ལས་དོན་བཅུ།
༡། མི་རིགས་རང་སྐྱོང་གི་ཁྲིམས་ལྟར་ས་གནས་ཀྱི་ལས་ཁུངས་ཁག་གི་ཡིག་ཆ་སོགས་བོད་ཡིག་གི་ནང་འབྲི་རྒྱུ་དང་། བོད་ཀྱི་སྐད་ཡིག་དར་སྤེལ་ལ་ཕན་ཐོགས་ཡོད་པའི་སྲིད་བྱུས་ལག་བསྟར་གྱིས། བོད་སྐད་བོད་ཡིག་གཙོ་བོ་ཡིན་པའི་སློབ་གསོའི་ཐབས་ལམ་རིགས་དང་པོ་སྤྱོད་ཐབས་བྱ་རྒྱུ།
༢། སྲིད་གཞུང་གི་ལས་བྱེད་པ་ཚོས་རྒྱ་སྐད་བཤད་མི་ཤེས་མཁན་གྱི་བོད་པ་ཚོར་མཐོང་ཆུང་མི་བྱེད་པར། ཁོ་ཚོ་དང་མཉམ་དུ་བོད་སྐད་ཀྱི་ལམ་ནས་འབྲེལ་བ་བྱས་ཏེ། རང་ཉིད་བོད་མི་ཡིན་པའི་སྙིང་སྟོབས་དང་སྤོབས་པ་ངོམ་དགོས་ཤིང་། མང་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུའི་གོ་སྐབས་རྩ་ཆེན་དེ་འཕྲོ་བརླག་ཏུ་གཏོང་མི་རུང་།
༣། ལས་བྱེད་པ་ཚོས་རང་ཉིད་ཀྱི་བུ་ཕྲུག་ཚོར་བོད་ཡིག་བསླབས་ནས་གཞི་རིམ་མང་ཚོགས་ལ་མིག་དཔེ་བཟང་པོ་སྟོན་དགོས།
༤། ས་གནས་ཀྱི་མང་ཚོགས་ལ་བརྡ་ཐོའམ་གསལ་བསྒྲགས་གཏོང་དགོས་ཚེ་བོད་ཡིག་ནང་དུ་འབྲི་རྒྱུ་དང་། བརྡ་སྤྲོད་དང་དག་ཆ་སོགས་མ་ནོར་བ་བྱ་རྒྱུ།
༥། བོད་ཡིག་བེད་སྤྱོད་གཏོང་གི་མེད་པའི་གཞུང་གི་ལས་ཁུངས་དང་། སྨན་ཁང་། དངུལ་ཁང་བཅས་སུ་བོད་སྐད་ཀྱི་སྐད་སྒྱུར་བ་བཀོད་སྒྲིག་བྱ་རྒྱུ།
༦། གཞུང་ཕྱོགས་ཀྱི་དྲ་ཚིགས་དག་བོད་རྒྱ་སྐད་ཡིག་གཉིས་ཀྱི་ལམ་ནས་བཟོས་ཏེ་ས་གནས་ཀྱི་ཁྲིམས་དང་གནས་ཚུལ་སོགས་མང་ཚོགས་ལ་རྒྱུས་ལོན་གསལ་པོ་ཡོང་ཏུ་འཇུག་རྒྱུ།
༧། ས་གནས་སོ་སོར་དཔེ་མཛོད་ཁང་རེ་འཛུགས་རྒྱུ་དང་། མི་དམངས་ལ་སྟབས་བདེ་བའི་ཆེད་དུ་ལས་ཁུངས་ཁག་གི་སྒོ་བྱང་དང་ངོ་སྤྲོད་སོགས་བོད་ཡིག་རྒྱ་ཡིག་གཉིས་ཀའི་ནང་དུ་འབྲི་རྒྱུ།
༨། ལས་ཁུངས་ཁག་གི་ནང་བོད་མི་ལས་བྱེད་ཕན་ཚུན་བར་དུས་རྒྱུན་ཏུ་བོད་སྐད་བཤད་རྒྱུ་དང་། ལས་བྱེད་ཕན་ཚུན་བར་བརྡ་འཕྲིན་གཏོང་དུས་བོད་ཡིག་འབྲི་རྒྱུ། སྐད་འཕྲིན་སོགས་དྲ་ལམ་དུའང་བོད་ཡིག་འབྲི་རྒྱུ།
༩། སྐད་ཡིག་འདྲ་མཉམ་གྱི་རྩ་དོན་གཞིར་བཞག་ནས་ས་གནས་ཀྱི་ལས་ཁུངས་དང་། ཟ་ཁང་། ཚོང་ཁང་སོགས་ཀྱི་མིང་དང་། ལམ་རྟགས་སོགས་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཐོག་ནས་འབྲི་རྒྱུ།
༡༠། ལས་བྱེད་ཚོས་དེང་སྐབས་བོད་ཀྱི་སློབ་ཕྲུག་མང་པོར་བོད་ཡིག་སློབ་རྒྱུའི་གོ་སྐབས་མེད་པ་དང་། མང་ཚོགས་དག་ལ་བོད་ཡིག་བཀོལ་སྤྱོད་བྱ་རྒྱུའི་གོ་སྐབས་མེད་པའི་དཀའ་ངལ་དག་འབྲེལ་ཡོད་སྡེ་ཁག་ལ་སྙན་ཞུ་འབུལ་རྒྱུ།